༄༅། །གསང་སྔགས་ཀྱི་འཇུག་སྒོ་བཞུགས་སོ།
密乘之道
作者:生根活佛
དེ་ལ་མདོ་ལུགས་ལྟར་ན་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་བལྟམས་པའི་བདག་ཅག་གི་སྟོན་པ་རྣམ་པར་ཐམས་ཅད་མཁྱེན་པ།ཉོན་མོངས་པའི་གཡུལ་ལས་རྣམ་པའི་རྒྱལ་བ།སྟོང་གསུམ་འཇིག་རྟེན་འདུལ་བའི་སངས་རྒྱས་དང་གཤེན་རབ་རྣམས་ལས་མཆོག་གམ་རབ་ཏུ་གྱུར་བ། གང་ཟག་མིའི་གཟུགས་སུ་སྤྲུལ་པའི་སྐུ།དུས་གསུམ་གྱི་སྟོན་པ་ལས་ད་ལྟའི་ཚེ་ལོ་བརྒྱ་ཡི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཆེའམ། གསང་སྔགས་ལུགས་ལྟར་ན་སུམ་བཅུ་རྩ་གསུམ་ལྷ་གནས་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་སྐུ་འཁྲུངས་པའི་སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་ཀྱི་བསྟན་པའི་སྒོར་འཇུག་པ་ལ་ཉམས་སུ་ལེན་བྱའི་བོན་ལ་ཐེག་པ་དགུ་དང་། ཐེག་པ་བཞི་བཅུ་རྩ་ལྔ། ཐེག་པ་བརྒྱ་དང་རྩ་བརྒྱད་སོགས་མང་ཀྱང་དོན་དུ་ཐེག་པ་གཉིས་སུ་ངེས་ཏེ། །དེའང་གདུལ་བྱ་དབང་པོ་ཐ་མ་པ་རྣམས་ལ་སངས་རྒྱས་ཀྱི་གོང་འཕང་ཐོབ་བྱེད་ཀྱི་རྒྱུ་དང་རྐྱེན་ཐམས་ཅད་ལམ་དུ་འཁྱེར་ནས་གཙོ་བོ་བསྟན་པའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་བཞི་དང༌། །གདུལ་བྱ་དབང་པོ་འབྲིང་དང་རབ་རྣམས་ལ་སངས་རྒྱས་ཀྱི་གོང་འཕང་ཐོབ་བྱ་དེ་ལམ་དུ་འཁྱེར་ནས་གཙོ་བོ་བསྟན་པའི་འབྲས་བུ་གསང་སྔགས་ཕྱི་ནང་གཉིས་ཀྱི་ཐེག་པ་ལྔ་སྟེ།ཐེག་པ་རིམ་དགུ་སོགས་ཐེག་པ་ཐམས་ཅད་རྒྱུ་འབྲས་ཐེག་པ་རྣམ་པ་གཉིས་སུ་བསྟན་པར་ངེས་པའི་ཕྱིར་རོ། །དེ་ལ་གཞུང་འདི་གཙོ་བོ་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྒོར་འཇུག་ནས་བྱང་ཆུབ་བསྒྲུབ་པའི་ཐབས་ཁྱད་པར་ཅན་བསྟན་པ་ཡིན་ལ། །དེ་ཅི་ལྟ་བ་དོན་དུ་གཉེར་བར་འདོད་པ་ལ་ཉེ་བར་མཁོ་བའི་གནད་གལ་པོ་ཆེ་ཆ་ཤས་ཙམ་ཞིག་གཙོ་བར་བྱས་ཏེ་ལག་ལེན་དུ་བསྟན་པ་ལ། ཐོག་མར་སྔགས་ལ་འཇུག་པའི་གང་ཟག་དེ་དལ་འབྱོར་རྙེད་དཀའ་བར་བསམ་པ་དང་། འཆི་བ་མི་རྟག་པར་བསམ་པ་དང་། འཁོེར་བའི་ཉེས་དམིགས་ལ་བསམ་པ་དང་། ལས་རྒྱུ་འབྲས་ལ་བསམ་པ་ལ་སོགས་པའི་འཁོར་བ་ལས་བློ་ལྡོག་པའི་ཐབས་སམ་བོན་རྣམ་བཞི་ལ་བློ་སྦྱོངས་ཟིན་པ་ཞིག་དགོས་ཏེ། །རྒྱུ་མཚན་ཅི་ཞེ་ན།དལ་བརྒྱད་འབྱོར་བཅུའི་མི་ལུས་འདི་རྙེད་དཀའ་བར་བསམས་པས་ཚེ་འདི་ལ་བློ་ལྡོག་ནས་ཕྱི་མའི་བྱང་ཆུབ་སྒྲུབ་པ་ལ་ཉེ་བར་འདུན་པ་སྟེ་མྱུར་དུ་འཇུག་འདོད་ཀྱི་བློ་སྐྱེས་པ་དང༌། ཕྱི་སྣོད་དང་ནང་བཅུད་དེ་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པས་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སོ་ནམ་སོགས་ལ་བློ་ལྡོག་ནས་ཕྱི་མའི་བྱང་ཆུབ་སྒྲུབ་པ་ལ་བརྩོན་པར་འགྱུར་བ་དང༌། འཁོར་བ་སྤྱི་དང་བྱེ་བྲག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་དུ་བསམས་པས་འཁོར་བའི་གནས་རིགས་དྲུག་པོར་འཇུག་འདོད་ཀྱི་བློ་ལྡོག་ནས་ཕྱི་མའི་འཁོར་བ་ལས་ཐར་འདོད་ཀྱི་བསམ་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌།ལས་རྒྱུ་འབྲས་སམ་དགེ་སྡིག་སྨིན་ཚུལ་ལ་བསམས་པས་ཚེ་འདིའི་བྱ་བ་ལ་བློ་ལྡོག་ནས་ཕྱི་མ་བྱང་ཆུབ་སྒྲུབ་པ་ལ་འགལ་བའི་རྒྱུ་ཀུན་འབྱུང་ཉོན་མོངས་པ་དང་འབྲས་བུ་འཁོར་བའི་སྡུག་བསྔལ་ཐམས་ཅད་རང་ལོག་ཏུ་འགྲོ་བ་ཡིད་ཆེས་བརྟན་པོ་ཆགས་པས་བསྒྲུབ་བྱའི་འབྲས་བུ་ཆུད་མི་འཛའ་བས། །འཁོེར་བ་ལ་བློ་ལྡོག་བོན་བཞི་པོ་འདི་ནི་འབྲས་བུ་གསང་སྔགས་པ་ཅི་སྨོས་ཀྱི། རྒྱུ་མཚན་ཉིད་པའི་ཐེག་པ་ཆེ་ཆུང་གང་ཡང་གནས་འདི་ལ་བློ་ཡི་མྱོང་བ་ཐོན་པ་ཞིག་མ་གྱུར་ཚེ། རང་རང་གི་དོན་དུ་གཉེར་བྱའི་གོ་འཕང་དེ་དུས་ནམ་ཡང་ཐོབ་པ་མི་ནུས་ཏེ། འཁོེར་བ་ལ་བློ་ལྡོག་བོན་བཞི་པོ་འདི་ནི་མདོ་སྔགས་རྫོགས་གསུམ་ཉམས་ལེན་གྱི་རྐང་རྩ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་མཆོག་དམན་གཉིས་དང་སྔགས་ཕྱི་ནང་གྱི་ཐེག་པ་གཉིས།བླ་ན་མེད་པའི་ཐེག་པ་བཅས་ཐེག་པ་ཐམས་ཅད་དང་ཐུན་མོང་གི་བོན་ཡིན་པའི་ཕྱིར་རོ། །དེ་ནས་མདོ་སྔགས་རྫོགས་གསུམ་སོགས་གཡུང་དྲུང་གྱི་བོན་ཐམས་ཅད་ཀྱི་གཞི་སྙིང་རྗེ་ཆེན་པོ་བསླང་དགོས་ཕྱིར།
ཐ་ན་སེམས་ཅན་འབུ་སྲིན་ཕྲ་མོ་ཙམ་ཡན་ཆད་ཕ་མར་ཤེས་པའི་ངོས་ནས་དེ་རྣམས་འཁོར་བ་ལ་ཇི་གནས་པའི་དུས་གནས་སྐབས་དང་འཁོར་བ་ལ་མི་གནས་མྱང་འདས་ཀྱི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་ཀུན་ཏུ་བདེ་བ་ལ་སྦྱོར་འདོད་པ་དང༌། སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བྱང་ཆུབ་པའི་དཀའ་ཐུབ་ལ་ཞུམ་པ་མེད་པའི་ཕོ་དཔའ་བོ་ལྟར་བུ་སེམས་ཅན་ཐམས་ཅད་ཀྱི་དོན་ཁུར་ཆེན་པོ་དུས་རྟག་ཏུ་འཁྱེར་བ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་ཞིང༌། །མདོར་ན་སེམས་ཀྱིས་ཅི་བསམ་གཞན་དོན་དང་། ངག་གིས་ཅི་སྨྲ་གཞན་དོན ། ལུས་ཀྱིས་ཅི་བྱེད་གཞན་དོན་དུ་འགྲོ་བ་ཞིག་དགོས་ཀྱི། དེ་ལྟར་བུའི་སེམས་བསྐྱེད་དང་སྤྱོད་པ་མེད་ན་གསང་སྔགས་ཐེག་པ་ཆེན་པོ་ཕྱི་ནང་གི་སྒོར་ཞུགས་ནས་ཉམས་སུ་བླངས་ཀྱང་གནས་སྐབས་ཙམ་གྱི་ངན་སོང་གསུམ་གྱི་འཇིགས་པ་ལས་སྐྱོབ་པའམ་ཚེ་འདིའི་རྐྱེན་བགེགས་བར་ཆོད་ཟློག་པ་ཙམ་ལས་རང་ཉིད་ཀྱི་བསྒྲུབ་བྱ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ནི་བསྐལ་པ་ནས་བསྐལ་པའི་བར་དུ་འབད་ཀྱང་ཐོབ་པ་མི་འགྱུར་རོ། །དེའི་ཕྱིར་ན་སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་འཇག་མའི་སྲིན་བུ་ཡན་ཆད་ལ་གཞི་བདེར་གཤེགས་སྙིང་པོ་བཟང་ངན་ཆེ་ཆུང་སྲབ་འཐུག་མཐོ་དམན་མེད་པར་ཁྱབ་ཡོད་པ་ནི་གཞུང་ལུང་ཀུན་ལས་གསལ་བར་བསྟན་ནོ། དེའི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་སངས་རྒྱས་ཡིན་ཀྱང་རང་ངོ་མ་ཤེས།རང་སེམས་མ་རྟོགས་པས་རང་གི་རིག་པའི་རོལ་རྩལ་ལས་གཟུགས་སོགས་ཕྱི་བཟུང་བའི་ཡུལ་དང་མིག་ཤེས་སོགས་ནང་འཛིན་པའི་ཡུལ་ཅན་གཉིས་སུ་འཁྲུལ་ནས་འཁོར་བའི་གྲོང་ཁྱེར་ཆེན་པོར་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་འདི་སྙིང་རེ་རྗེ། འདི་རྣམས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འདི་ལས་ངེས་པར་བསྒྲལ་ཏེ་དུས་གཏན་གྱི་བདེ་བ་བླ་ན་མེད་པའི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ། །དེ་ཡང་ཐོག་མར་བདག་སོགས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་སྙམ་པ་སྨོན་པའི་སེམས་བསྐྱེད་དང༌། སངས་རྒྱས་ཐོབ་པའི་ཆེད་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བོན་ཕྱི་བྱ་རྒྱུད་དང་། ནང་སྤྱོད་རྒྱུད། གསང་བ་ཡེ་གཤེན་གྱི་རྒྱུད། ཡང་གསང་ཡེ་གཤེན་ཆེན་པོའི་རྒྱུད་སྡེའི་སྒོར་འཇུག་ནས་ཐབས་ཁྱད་པར་ཅན་ཡི་དམ་ལྷ་ཐབས་བསྐྱེད་ རིམ་པ་དང་ཤེས་རབ་རྫོགས་རིམ་གྱི་ལམ་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་པ་ནི་འཇུག་པའི་སེམས་བསྐྱེད་དེ། དང་པོ་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས་བྱང་སེམས་ཀྱི་སྡོམ་པ་ལེན། དེ་ནས་བཟུང་སྟེ་སྨོན་འཇུག་གི་བྱང་ཆུབ་སེམས་རིན་པོ་ཆེ་གཉིས་དེ་ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་སྟེ། མདོ་ལས། ལུས་དང་སྲོག་གི་དོན་ཕྱིར་ཡང༌། འགྲོ་བ་སེམས་ཅན་དོན་མི་དོར། ཞེས་གསུངས་སོ། །དེ་ལྟ་བུའི་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་ཐུགས་རྗེ་སེམས་དཔའ་དང་གཡུང་དྲུང་སེམས་དཔའ་རྣམས་དང༌། འབྲས་བུའི་གསང་སྔགས་ཕྱི་ནང་གི་ལམ་གྱི་རྩ་བ་སྟེ་མེད་དུ་མི་རུང་ངོ༌། །
དེ་ནས་ཕྱི་པ་དང་ནང་པའི་ཁྱད་པ་ཡང་སྐྱབས་འགྲོ་དང་ལྟ་བ་ལ་བྱེད་ཀྱི། སྤྱི་ན་གྲུབ་མཐར་ཞུགས་པ་ལ་ཕྱི་པ་དང་ནང་པ་གཉིས་སུ་ཡོད་པ་ལས། ནང་པ་གཤེན་རབས་པས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡོད་པར་སྨྲ་ཞིང་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་ཏེ། མཛོད་ལས། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཉིད་ཀྱི་མཚན་ཉིད་ནི། །ཀུན་གསལ་དོན་རྟོགས་མཚན་ཉིད་འཛིན། །ཞེས་དང་། གབ་པ་ལས། ཐམས་ཅད་མཁྱེན་པའི་རྒྱལ་པོ་ནི། །རྣམ་རྟོག་མི་མངའ་ཅི་ཡང་གསལ་ཞེས་དང་། ཁམས་བརྒྱད་ལས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་སོགས་གསུང་རབ་ཀུན་ནས་ཀུན་མཁྱེན་ཡོད་པར་གསུངས་ཤིང་། སྐྱབས་གནས་ཀྱང་། དཀོན་མཆོག་བསྐྱབ་གནས་མི་འཛིན་ཕྱི་རོལ་འགྱུར་ཞེས་དང་། གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆི། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན་ཞེས་སོགས་ཐེག་པ་ཀུན་གྱི་གཞི་དང་རྩ་བར་གསུངས་སོ། ཕྱི་རོལ་མུ་སྟེགས་པས་ནི་དེ་ལས་ལྡོག་པར་སྨྲ་སྟེ་གཏན་ཚིགས་ཐེག་པའི་ཕྱོགས་ལྔ་ལས། །སངས་རྒྱས་གཤེན་རབ་མིང་ཡང་མེད། །དེ་མེད་ཕྱིར་ན་དེའི་གསུང་མེད། །དེ་བསྒྲུབ་བོན་སྒོམ་ཡོད་མི་སྲིད། །ཡོད་ཀྱང་ཐོབ་པ་ལྡན་མི་སྲིད་ཅེས་སོགས་ལོག་བཤད་ཁོ་ན་སྨྲའོ། ། མདོར་ན་ཕྱི་པ་མུ་སྟེགས་པ་ལ་སྐྱབས་འགྲོ་མེད་དེ། སངས་རྒྱས་མེད་པར་འདོད་པས་དེས་གསུངས་པའི་བོན་མེད། དེ་མེད་པས་དེ་ཉིད་ཉམས་སུ་བླངས་ནས་སངས་རྒྱས་འཐོབ་ཏུ་མེད་པར་འདོད། ནང་པ་གཤེན་རབ་ཀྱི་བསྟན་པ་ལ་སྐྱབས་འགྲོ་ཡོད་དེ། སངས་རྒྱས་ཡོད་པས་དེས་གསུངས་པའི་བོན་ཡོད། དེ་ཡོད་པས་དེ་ཉིད་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་འབྲས་བུ་འཐོབ་ཏུ་ཡོད་པར་འདོད་དོ། །དེའི་ཕྱིར་ན་ནང་པ་གཤེན་རབ་ཀྱི་བསྟན་པ་ལའང་རྒྱུ་མཚན་ཉིད་པས་སངས་རྒྱས་བོན་དང་གཤེན་རབ་གསུམ་ལ་སྐྱབས་སུ་འགྲོ་བ་ལ། འདིར་འབྲས་བུ་གསང་སྔགས་ཕྱི་ནང་གཉིས་ཀྱི་ལུགས་ལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་དང་། རྩ་རླུང་ཐིག་ལེ་གསུམ་དང་། ཁྱད་པར་ལྷན་སྐྱེས་དྲི་མེད་བྱང་ཆུབ་སེམས་ལ་སྐྱབས་སུ་འགྲོ་དགོས་ཤིང༌། སྐྱབས་སུ་འགྲོ་བའི་ཚུལ་ཡང་ལྷག་བསམ་གྱིས་དྲངས་པའི་བྱང་ཆུབ་སེམས་ལ་གཞིར་བཅས་ནས་ཅི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའོ། །གང་འདྲ་ཞིག་ལ་ལྷག་བསམ་གྱིས་དྲངས་པའི་བྱང་ཆུབ་སེམས་ལ་གཞིར་བཅའ་བའི་སྐྱབས་འགྲོ་ཞེ་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ལྷག་བསམ་ལས་བྱུང་། དེ་སྙིང་རྗེ་ལས་བྱུང་། དེ་བྱམས་པ་ལས་བྱུང་། དེ་དྲིན་གཟོ་པ་ལས་བྱུང་། དེ་དྲིན་དྲན་པ་ལས་བྱུང་། དེ་མར་ཤེས་པ་ལས་བྱུང་། དེ་ཡང་རང་ཉིད་འཁོར་བ་ན་འཁྱམས་ཡུན་རིང་ཞིང་ལུས་སྣ་ཚོགས་བླང་ཕྱིར་ཐམས་ཅད་ཕ་མ་མ་གྱུར་པ་གང་ཡང་མེད་པས་མར་ཤེས་པ་དང་། ཕ་མ་ནམ་བྱས་པའི་དུས་དེར་ད་ལྟའི་ཕ་མ་བཞིན་གཅེས་པ་སྣ་ཚོགས་ཀྱིས་སྒོ་ནས་སྐྱོང་པ་དྲིན་བསམ་གྱིས་མི་ཁྱབ་པ་དྲན་པས་དྲིན་དྲན་པ།དེ་ལ་དྲིན་གྱི་ལན་དུ་དྲིན་འཇལ་དགོས་སྙམ་པས་དྲིན་གཟོ།མ་རྒན་དེ་དག་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ། མ་རྒན་འདི་དག་སྡུག་བསྔལ་མཐའ་དག་དང་ཡོངས་སུ་བྲལ་ནས་བདེ་བ་ཀུན་དང་ལྡན་པ་ཞིག་ངེས་པར་བདག་གིས་བྱའོ། ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱའོ།། སྙམ་དུ་བསམ་པའི་བསམ་པ་དམ་བཅའ་བཟུང་བའི་ལྷག་བསམ། དེ་ལྟ་བུའི་ལྷག་བསམ་གྱི་སྐབས་སུ་འགྲོ་བ་སྒྲོལ་བར་བདག་གིས་དམ་བཅས་པ་ལ། དམ་བཅས་པའི་དོན་དེ་ནི་བདག་གིས་ད་ལྟའི་གནས་སྐབས་འདི་ལྟ་བུའི་བསྒྲུབ་མི་ནུས་ན། དེ་བཞིན་དུ་བསྒྲུབ་པའི་ནུས་པ་ནི་སུ་ལ་ཡོད་བསམ་པས། དེ་ནི་ཚངས་པ་དང་བརྒྱ་བྱིན་ལ་མེད་དོ།། ཁོ་རང་ཡང་འཁོར་བའི་སྡུག་བསྔལ་གྱིས་དམ་དུ་བཅིངས་པས་སོ།། ཐེག་དམན་རྣམས་ལ་མེད་དེ། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་ཅན་ཡིན་པས་སོ།། གཡུང་དྲུང་སེམས་དཔའ་རྣམས་ལ་མེད་དེ། མཁྱེན་བརྩེའི་ཡོན་ཏན་ལ་ཆགས་ཐོབ་ཏུ་ཡོད་པས་སོ། དེས་ན་དེ་ལྟ་བུ་བསྒྲུབ་པའི་ནུས་པ་ནི་སངས་རྒྱས་དངོས་ལ་ཡོད་པས།དེ་བས་ན་སངས་རྒྱས་ཀྱི་གོ་འཕང་དེ་ནི་བདག་གིས་ཚེ་ལུས་གཅིག་གི་སྟེང་ན་མངོན་དུ་ཐོབ་པར་བྱ།དེ་ཐོབ་པ་ལ་བྱང་ཆུབ་སེམས་མེད་ན་མི་ཐོབ་སྟེ་དེའི་ཕྱིར་ན་བདག་གིས་རྟག་ཏུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བཟུང་ནས་སྐད་ཅིག་ལའང་ཉམས་པ་མི་བྱའོ།།དེས་ན་སྐྱབས་འགྲོ་དང་སེམས་བསྐྱེད་འདི་གཉིས་གསང་བ་སྔགས་ལ་འཇུག་པའི་གཤེན་པོས་ལས་རྣམས་ཀུན་གྱི་ཐོག་མར་འགྲོ་དགོས་ཏེ། །སེམས་ལུང་སྒྲོན་མ་ལས། ལས་རྣམས་གང་ལ་འཇུག་པའི་ཐོག་མ་རུ། །ཡུལ་གཉིས་དྲན་པའི་སྟོབས་ཀྱིས་བསྐུལ་བཏབ་ནས། །གཡུང་དྲུང་གནས་བཞིར་སྐྱབས་སུ་མ་སོང་ན། །བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང༌། །ཞེས་དང༌། སེམས་བསྐྱེད་སྔོན་དུ་མ་སོང་ཞིང་སའི་རྒྱུ་བརྗེད་འདྲ། །ཞེས་གསུངས་སོ། །འོ་ན། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ལས་གང་སྔ་བའམ་གང་དེ་གཙོ་ཆེ་ཞེ་ན། སྤྱིར་སངས་རྒྱས་བསྟན་པའི་སྒོ་འཇུག་པ་དང་།དགོས་སུ་སྡོམ་པའི་རྟེན་གྱི་མཆོག་ཏུ་གྱུར་བ་དང་།ཡང་དགོས་སུ་སྡིག་པ་ཟིལ་གྱིས་གནོན་པ་ལ་སྐྱབས་སུ་འགྲོ་བ་དེ་གཙོ་ཆེ་ཞིང་སྔོན་དུ་འགྲོ་དགོས་ཏེ། མུན་སེལ་ལས། སྐྱབས་འགྲོའི་དོན་མཐོང་བྱང་ཆུབ་སེམས་ཀྱང་སྐྱེ། །ཞེས་སོ།། སྤྱིར་དགེ་བའི་འབྲས་བུ་མྱུར་དུ་སྨིན་པ་དང་།དགོས་སུ་ཐེག་པ་ཆེན་པོའི་སྒོ་འཇུག་པ།ཡང་དགོས་སུ་བླ་ན་མེད་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་ལ་སེམས་བསྐྱེད་དེ་གཙོ་ཆེ་ཞིང་སྔོན་དུ་འགྲོ་དགོས་ཏེ། སེམས་ལུང་སྒྲོན་མ་ལས།སེམས་བསྐྱེད་སྔོན་དུ་མ་སོང་ཞིང་སའི་རྒྱུ་བརྗེད་འདྲ། །ཞེས་གསུངས་སོ། །
点击下面更多链接
为高考学子祈福
为何依靠上师
“善恶归于无”是什么意思呢?
声明:
生根活佛微信公众平台开通赞赏功能,您的赞赏红包,全部用于文章作者生根活佛弘法利生事业中。